སྣང་བའི་གྲོང་ཚོ། ཚིག ཁ་གྱའི་ཁྱུང་སྔོན། དབྱངས། ཙྭ་ནག་དམ་ཆོས། ལེན་མཁན།ཨ་མཆོག་རྟ་མགྲིན་ཚེ་བརྟན་དང་རྨ་ཆུའི་ཆོས་འཛོམས། སྒྲ་ལེན་པ། རིན་ཆེན་དོན་འགྲུབ། ཕོ སེམས་ཀྱི་ཚོར་བ་དབྱངས་ལ་འགུག་བཞིན།། སྙིང་གི་གཏམ་ཆུང་ཞེ་ལ་བསྐྱིལ་དུས།། མཚན་མོའི་མཁའ་ཡི་ཟླ་བ་ཁེར་འགྲོ།། མཚོ་མོའི་ཀློང་ལ་བྲོས་པ་སུས་ཚོར།། མོ གཙང་བོའི་འགྲམ་ནས་གཞས་ཆུང་སྐྱོར་བཞིན།། སྐར་མའི་འཛུམ་ཆུང་རུམ་ལ་བཅུག་དུས།། སེམས་པའི་མཁའ་ཡི་སྣང་བའི་གྲོང་ཚོར།། དུང་ཟླའི་ལང་ཚོ་སིམ་པ་ངས་ཚོར།། ཕོ རྫ་རིའི་སྨུག་པས་ལག་རྡང་སྦྲེལ་བཞིན།། སྦྲང་ཆར་བསིལ་མས་སྦྲ་གུར་འཁྲུད་དུས།། སྙིང་སྡུག་ཤྭེའུ་ཆུང་ཡུ་མོའི་ཁེར་འགྲོ།། ཕར་རིའི་སྤང་ལ་བྲོས་པ་སུས་ཚོར།། མོ མེ་ཏོག་སྣ་ཚོགས་མགོ་ཞྭ་གྱོན་བཞིན།། མི་འགྱུར་དམ་ཚིག་སྙིང་ལ་རྐོ་དུས།། ཡིད་ཀྱི་སེར་ཆེན་བཞད་སའི་སྤང་ནས།། ཡུ་མོ་གར་གྱིས་རྩེན་པ་ངས་ཚོར།། ཕོ རྒྱུད་དྲུག་པི་ཝང་ལྷོད་ཀྱིས་དཀྲོལ་བཞིན།། ཆུང་འདྲིས་སེམས་ཀྱི་རྨི་ལམ་བཙལ་དུས།། སེམས་སོང་སྙིང་གྲོགས་བྱམས་པ་ཁེར་འགྲོ།། ཞེ་བརྩེ་སུ་ལ་འཁོར་བ་སུས་ཚོར།། མོ རེ་བའི་ཀློང་ལ་གཞས་ཤིག་གཏོང་བཞིན།། བརྩེ་བའི་མེ་ཏོག་ཞེ་ནས་བཞད་དུས།། སྙིང་གཏམ་ཟེའུ་འབྲུ་དགོད་པའི་ཚལ་ན།། བྱམས་པའི་ཁ་ཚིག་ལུས་པ་ངས་ཚོར།། མཉམ ལང་ཚོའི་མེ་ཏོག་མིག་གི་དཔྱིད་རེད།། ཐོད་པའི་ཁ་ཡིག་སྔོན་བསགས་ལས་རེད།། ཚེ་འདིའི་བདེ་སྐྱིད་རང་རང་ལག་རེད།། ལས་ཀྱི་འཛོམས་ས་སྣང་བའི་གྲོང་རེད།།